བོད་ལྗོངས་ཀྱིས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

སྤིལ་དུས།   2018-08-20 10:18:11        ཡོང་ཁུངས།  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།    རྡིབ་ཚད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉིན་ཤས་གོང་སྲིད་ཇུས་བཏོན་ཏེ་ད་ལོ་ནས་བཟུང་ནུས་ལྡན་གྱི་སྲིད་ཇུས་བྱ་ཐབས་དང་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ནན་པོའི་ཐོག་ནས་དམངས་ཁྲོད་མ་འཇོག་གི་སེམས་ཤུགས་དང་དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་གསོན་ཤུགས་སྔར་བས་འཕེལ་བ་བྱ་ཆེད།  ལྗོངས་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།  སྤྱི་ལོ2020ལོར་སླེབས་སྐབས་བོད་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕར་ཐང་དང་དཔྱ་ཁྲལ་ཡོང་འབབ།  ལས་ཞུགས་ལས་གནས་བཅས་ལོ་རེར་ཆ་སྙོམས15%ཡན་འཕར་བ་བྱེད་རྒྱུ།  སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ཀྱི་གྲངས་འབོར་སྤྱི་ལོ2015ལོ་ལས50%ཡན་འཕར་བ་བྱེད་རྒྱུ་གསལ་བཏོན་བྱས་པ་རེད། 

རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས་ཉིན་ཤས་གོང་བཏོན་པའི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཅེས་པའི་ནང་།  ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁེ་ལས་གོང་འཕེལ་གཏོང་རྒྱ་ཆེ་རུ་བཏང་བ།  ཁེ་ལས་ཀྱི་ས་ཆ་བེད་སྤྱོད་བྱེད་པའི་དགོས་མཁོ་འགན་སྲུང་བྱེད་པ།  ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་དཀའ་གནད་སེལ་བ།  ཁེ་ལས་ཀྱི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པ།  ཡིད་རྟོན་སྐུལ་ལྕགས་ནུས་པ་འདོན་སྤེལ་བྱེད་པ།  ལུགས་མཐུན་ངང་ཁྲལ་དངུལ་ཀྱི་ཁུར་པོ་ཡང་དུ་གཏོང་བ་སོགས་ཐད་གྲོས་འཆར་ཁ་གསལ་བཏོན་པ་དང་།  བོད་ལྗོངས་ཀྱིས་ལག་ཁྱེར་མང་སྒྲིལ་དང་ཨང་རྟགས་ལོགས་འགོད།  ཁེ་ལས་ཀྱི་རང་མིང་རང་བདག་རེ་ཞུ།  བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་སོགས་ཀྱི་ཐོ་འགོད་སྟབས་བདེ་ཅན་གྱི་བསྒྱུར་བཅོས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ།  ལག་ཁྱེར་མང་སྒྲིལ་དང་དངུལ་ཐེལ་མཉམ་གཉེར་ཟུང་འབྲེལ་གྱི་བྱ་ཐབས་གསར་པ་ལག་བསྟར་བྱས་ཐོག་གཅིག་འཐུས་རྣམ་པའི་ཞིབ་མཆན་ཕྱོགས་བསྡུས་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།  སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་འཛུགས་རྒྱུ་དང་གོང་འཕེལ་ཡོང་རྒྱུར་སྟབས་བདེ་སྐྲུན་རྒྱུ་བཏོན་པ་མ་ཟད།  བོད་ལྗོངས་སུ་གྲོང་ཁྱེར(ས་ཁུལ)ཁག་གི་སྲིད་གཞུང་ནས་ཉོ་སྒྲུབ་ཞབས་ཞུ་དང་རིན་མེད་རོགས་སྐྱོར།  ལས་སྒོའི་བྱ་དགའ་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་ནས་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་སྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།  ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་ནས་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་བྱེད་ནུས་ཁུལ་དང་སྡེ་གླིང་དུ་གཅིག་བསྡུས་བྱེད་རྒྱུར་ཡིད་འགུག་བྱེད་རྒྱུ་ཡང་བཏོན་ཡོད་པ་དང་ཆབས་ཅིག  བོད་ལྗོངས་ནས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་དང་གཞུང་ཁོངས་ཁེ་ལས་ཀྱི་མཉམ་བསྲེས་དབང་བའི་ལམ་ལུགས་བསྒྱུར་བཅོས་ཟུང་འབྲེལ་བྱེད་རྒྱུར་སྣང་ཆེན་བྱས་པ་དེ་ཡང་།  སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་ནང་ཞུགས་རྒྱུར་སྐུལ་མ་བཏང་སྟེ།  གཞུང་ཁོངས་མ་རྩ་དང་སྤྱི་ཚོགས་མ་རྩས་རྐང་དབང་མ་འཇོག་ཐེབས་རྩ།  ཐོན་ལས་མ་འཇོག་ཐེབས་རྩ་མཉམ་དུ་འཛུགས་རྒྱུར་རྒྱབ་སྐྱོར་དང་།  དམངས་ཁྲོད་མ་རྩས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གཞུང་ཁོངས་ཁེ་ལས་ནང་མ་རྐང་འཇོག་རྒྱུར་རྒྱབ་སྐྱོར།  གཞུང་ཁོངས་ཁེ་ལས་དང་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ནས་རྐང་དབང་མཉམ་འདྲེས་དང་འཐབ་ཇུས་མཉམ་ལས།  ཐོན་ཁུངས་སྒྲིལ་བཅོས་བཅས་ལ་རྒྱབ་སྐྱོར་བྱས་ནས་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཡོང་བ་བྱས་པ་རེད། 

ཁེ་ལས་ཀྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ལ་དམིགས་ནས་བོད་ལྗོངས་ཀྱིས་ད་ལྟ་ནས་བཟུང་མ་དངུལ་བསྡུ་རྒྱུག་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཤུགས་ཆེ་གཏོང་རྒྱུ་གཏན་འཁེལ་བྱས་པ་དེ་ཡང་།  དངུལ་ཁང་ལས་རིགས་དང་དངུལ་རྩའི་ཚན་པས་སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་ཡིད་རྟོན་དངུལ་བུན་གཏོང་ཚད་དེ་ལོ་ལྟར30%ལས་མི་དམའ་བ་བྱ་རྒྱུ་མ་ཟད།  དངུལ་ཁང་ལས་རིགས་དང་དངུལ་རྩའི་ཚན་པས་རྒྱུ་འཛིན་གཏའ་འཇོག་གི་མ་དངུལ་བསྡུ་རྒྱུག་ལས་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་རྒྱུ་དང་།  ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་བང་རིམ་མང་བའི་མ་རྩའི་ཁྲོམ་རར་ཐད་ཀར་མ་དངུལ་བསྡུ་རྒྱུག་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།  བྱ་དགའ་དང་ཁ་གསབ་ཟུང་འབྲེལ་གྱི་བྱ་ཐབས་བཟུང་ནས་ཆ་རྐྱེན་འཛོམས་པའི་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ཚན་པས།  ཁེ་ལས་འབྲིང་ཆུང་ལ་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ལས་སྒོའི་ཁ་གསབ་སྤྲོད་རྒྱུ་བཅས་གསལ་བཏོན་བྱས་པ་རེད། 

གཞན་ཡང་།  བོད་ལྗོངས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་ཚོང་འགུག་མ་འདྲེན་བྱ་དགའི་མ་དངུལ་སྒོར་དུང་ཕྱུར5བཀོད་སྒྲིག་བྱས་ནས།  ཚོང་འགུག་མ་འདྲེན་གྱི་ལེགས་ཆ་གསར་པ་གཏོད་རྒྱུ་མ་ཟད་རང་སྐྱོང་ལྗོངས་ཀྱི་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་ཐེབས་རྩ་འཛུགས་རྒྱུར་ཞིབ་འཇུག་བྱས་ཏེ།  རྐང་དབང་མ་འཇོག་དང་སླར་ཡང་ཁག་ཐེག་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཁྱེར(ས་ཁུལ)ཁག་གིས་མ་དངུལ་བསྡུ་རྒྱུག་ཁག་ཐེག་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།