སློབ་གླུ་ནོར་བུའི་འོད་དབྱངས།

སྤེལ་དུས།   2019-09-09 14:26:56    ཡོང་ཁུངས།  དྲ་ཚིགས་ཐོག་མའི་བརྩམས་ཆོས།   ནང་དོན་འདི་སྤེལ་མཁན།:བདུད་འདུལ་སྐྱབས།       རྡེབ་ཚད།  
བརྗོད་འདོད་པའི་སྐད་ཆ།  | མཉམ་སྤྱོད། |



                                                   

                                                  

                                                   སློབ་གླུ་ནོར་བུའི་འོད་དབྱངས།

ཚིག ཚངས་དབྱངས་རྒྱ་མཚོ།

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
ལེན་མཁན། ཀུན་བཟང་རྡོ་རྗེ།
ཕ་དམ་པའི་སྨོན་ལམ་གྱི་རྨུ་ཐག་དཀར་པོ
མཁར་གྲགས་པ་ཅན་པོའི་མཛེས་རྒྱན་དུ་འཐེན་ནས
གངས་ཅན་མེས་པོའི་གློ་སྙིང་གླན་ས
ཤེས་རིག་ནོར་བུའི་ཕ་མཁར་བཞེངས་སོང་།

དྭ་ཕྲུག་གི་ལོ་ཟླ་སྐྱ་བོར
དྲོད་ཆ་ལེར་ཕུབ་པའི་མགོ་སྦྲ་སྨུག་པོ
ངས་ཁྱེད་ཀྱི་བྱམས་བརྩེའི་པང་ཁུད་ནས
དབྱངས་གསལ་གྱི་ལུག་ཁྱུ་ཡང་ཡང་འཚོས་མྱོང་།

མ་ཡུམ་ལགས
ཀུན་ཕན་བརྩེ་སྐྱོང་སློབ་གླིང་།
ངའི་ཕུགས་བསམ་གྱི་རྟ་ཕོ་རྙེད་ས
ངའི་བདེ་སྐྱིད་ཀྱི་ལམ་སྣེ་ཟིན་ས
མ་ཡུམ་ཡ་མ་ཡུམ
ཀུན་ཕན་བརྩེ་སྐྱོང་སློབ་གླིང་།

ཕ་དམ་པའི་ཤེས་རབ་ཀྱི་བླ་གཡུ་འོད་ཆེན
བུ་རིག་པ་ཅན་པོའི་བགོ་སྐལ་དུ་སྤྲད་ནས
དམ་ཚིག་གཙང་མའི་དབུ་མནའ་ཡོད་ས
སེང་ཆེན་ནོར་བུའི་བུ་ཚ་བསྐྱངས་སོང་།

དྭ་ཕྲུག་གི་སེམས་རྩ་གཉོམ་པོ
དགའ་ཡ་ལེར་འདུ་སའི་གོ་ཁ་དྲོན་མོ
ངས་ཁྱེད་ཀྱི་བྱམས་བརྩེའི་གུར་ཁྱིམ་ནས
ལུགས་གཉིས་ཀྱི་བདུད་རྩི་ཡང་ཡང་བཏུངས་མྱོང་།

མ་ཡུམ་ལགས
ཀུན་ཕན་བརྩེ་སྐྱོང་སློབ་གླིང་།
ངའི་ཕུགས་བསམ་གྱི་རྟ་ཕོ་རྙེད་ས
ངའི་བདེ་སྐྱིད་ཀྱི་ལམ་སྣེ་ཟིན་ས
མ་ཡུམ་ཡ་མ་ཡུམ
ཀུན་ཕན་བརྩེ་སྐྱོང་སློབ་གླིང་། 


དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།