གསེར་ཆུའི་འགྲམ་གྱི་སྡེ་དཔོན་བཟང་བོ།

སྤེལ་དུས།   2018-11-15 15:06:26    ཡོང་ཁུངས།  དྲ་ཚིགས་ཐོག་མའི་བརྩམས་ཆོས།   ནང་དོན་འདི་སྤེལ་མཁན།:རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།       རྡེབ་ཚད།  

ཞོགས་པར་མལ་ལས་ལྡིང་རྗེས། མིག་མདུན་དུ་མངོན་པ་ནི་འབྱམས་ཀླས་པའི་གསེར་ཐང་རྩྭ་ཐང་ཡིན། སྡེ་བའི་ཏང་ཀྲི་པུ་ཧྲུའུ་ཅི་མགོན་པོ་སྐྱབས་མགྱོགས་པོར་སྡེ་མི་འཇམ་བྷེ་ཚང་ལ་ཚོང་ལས་རྒྱ་བསྐྱེད་པའི་སྐོར་གྱི་གནས་ཚུལ་གྲོས་བྱེད་དུ་སོང་། འཇམ་བྷེས་ད་སྐབས་ཚོང་ལས་གཉེར་བཞིན་ཡོད་ལ་ཚོང་ཁང་ཞིག་ཀྱང་ཡོད་པས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་གྱིན་ཡོད།

1.jpg

སྔོན་ཆད་ལ་མཚོན་ན་ཁོས་ཕྱུགས་འཚོས་ནས་འཚོ་བ་རོལ་བཞིན་ཡོད་ཀྱང་། ཁོ་ཚང་གི་ཁྱིམ་ཚང་ཆ་རྐྱེན་ཅུང་ཞན་པའི་ཁར། ཐེངས་ཤིག་གངས་སྐྱོན་བྱུང་སྟེ། ཁྱིམ་ཚང་གི་ཕྱུགས་ཟོག་མང་ཆེ་བ་ཤི་བ་དང་། བཟའ་མིའང་མང་པས་ཁྱིམ་ཚང་གི་ཆ་རྐྱེན་སྔོན་ལས་ཞན་པའི་གྱུར། མགོན་པོ་སྐྱབས་ཐེངས་གང་མང་ཞིག་ལ་འཇམ་བྷེ་ཚང་ལ་སོང་ནས་ཁོ་ལ་ཚོང་གཉེར་གྱི་ཉམས་མྱོང་དང་ཐབས་ལམ་བཤད་པར་མ་ཟད། སྒོར་མོ་བསྐྱིས་ནས་དཔལ་འབྱོར་གྱི་རོགས་རམ་ཡང་བྱས།

2.jpg

དེ་ནས་བཟུང་ཚོང་གཉེར་གྱི་ཉམས་མྱོང་ཅི་ཡང་མེད་པའི་འཇམ་བྷེ་ཡིས་སྡེ་བའི་ནང་དུ་རང་གི་ཚོང་ཁང་ཞིག་ཕྱེ་ནས་ཚོང་གཉེར་གྱི་མགོ་བརྩམས། མགོན་པོ་སྐྱབས་ཀྱི་རོགས་སྐྱོར་འོག་འཇམ་བྷེ་ཡི་ཚོང་ཁང་གི་ཡོང་སྒོའང་རིམ་བཞིན་དུ་ཇེ་ལེགས་སུ་སོང་། ཚོང་གཉེར་བྱས་ནས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཁོས་མགོན་པོ་སྐྱབས་ལ་བསྐྱིས་པའི་སྒོར་མོ་ཚང་མ་ཕྱིར་བྱིན་པར་མ་ཟད། འདུག་ཁང་ལས་ཤིང་ཚོང་ཁང་གི་རྒྱ་ཁྱོན་ཡང་ཆེ་རུ་བཏང་ལ། འཚོ་བའི་ཆ་རྐྱེན་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་།

3.jpg

འཇམ་བྷེ་ཕྱུག་འགྱུར་གྱི་ལམ་དུ་སོང་བ་དེ་སྡེ་མི་ཚོས་དངོས་སུ་མཐོང་བ་ན་ཁོ་ཚོའང་ཚོང་ལས་ཀྱི་ལམ་དུ་ཞུགས་འདོད་སྐྱེས་ནས་ཁ་ཤས་ཀྱིས་ཕྱུགས་ཟོག་བཙོང་བ་དང་། ཁ་ཤས་ཀྱིས་ཞིང་ས་འགན་གཙང་ལེན་བྱས་ནས་རིམ་གྱིས་ཚོང་གཉེར་གྱི་ལམ་ལ་ཞུགས་ཏེ། གསེར་ཐང་ཟངས་གཏེར་གྱི་ཉེ་འགྲམ་ནས་ཚོང་ཁང་དང་། མགྲོན་ཁང་། ཟ་ཁང་སོགས་ཕྱེ་ནས་ཚོང་གཉེར། དེ་མིན་ད་དུང་སྡེ་མི་ཁ་ཤས་ཀྱིས་རྫོང་ཐོག་ནས་ཚོང་གཉེར་བས་ལོ་རེའི་ཡོང་སྒོ་སྒོར་ཁྲི་ལས་བརྒལ། སྡེ་བའི་ནང་གི་སྡེ་མི་གསུམ་ཆའི་གཉིས་ནི་ཁྱིམ་ཚང་ལ་ཁ་བྲལ་ཡང་སྡེ་བར་ཁ་མི་འབྲལ་བའི་འཚོ་བའི་རོལ་སྟངས་གསར་བ་ཞིག་ཆགས།

4.jpg



ད་སྐབས་འཇམ་བྷེ་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་ཡིན་པ་དང་། ཁོ་ལ་ཚོང་གཉེར་གྱི་ཐད་ནས་རང་ཉིད་ཀྱི་བསམ་ཚུལ་ཡང་མི་ཉུང་བ་ཞིག་ཡོད། འཇམ་བྷེ་སྡེ་མི་ཚོ་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་ཞུགས་པའི་གནས་ཚུལ་བཟང་བོ་འདི་མགོན་པོ་སྐྱབས་ཀྱིས་མཐོང་ཚེ་ཁོའི་གདོང་ལ་འཛུམ་གྱིས་ཁེངས་འདུག

  རྩྭ་ཐང་གི་ཉི་འོད་རབ་ཏུ་འཚེར། མགོན་པོ་སྐྱབས་ཀྱིས་སྡེ་བའི་ཨུ་གཉིས་ཀྱི་ཚོགས་མི་ཁྲིད་དེ་སྡེ་བའི་ཁྱིམ་ཚང་རེ་རེར་སོང་སྟེ། སྡེ་བའི་ཁོར་ཡུག་གཙང་སྦྲ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་ཞལ་དཀར་ཁོར་ཡུག་གཙང་སྦྲ་མཐུན་ཚོགས་རྩ་འཛུགས་བྱས་ནས་དངོས་སུ་བཙུགས། མཐུན་ཚོགས་ཐོག་མར་བཙུགས་དུས་ཚོགས་མི་ལྔ་དྲུག་ལས་མེད་ལ། གྲོན་དངུལ་ཡང་མེད་པས་མགོན་པོ་སྐྱབས་ཀྱིས་རང་ངོས་ནས་སྒོར་མོ་བཏང་སྟེ་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ། སྡེ་བའི་བྱ་བ་གང་ཞིག་བསྒྲུབས་ཀྱང་ཁོ་ལ་འཁང་ར་དང་ལེ་བདའ་ཅི་ཡང་མེད་པར་མཐུན་ཚོགས་ཀྱི་ཚོགས་མི་སྣེ་ཁྲིད་ནས་སྡེ་བའི་ཉེ་འགྲམ་གྱི་ཁོར་ཡུག་གཙང་སྦྲ་བྱེད་པ་དང་། ལམ་ལས་པ། གྱང་ཆག་བཤིག་པ་སོགས་ཀྱི་ལས་ལ་བྲེལ་བས་སྡེ་བའི་ཁོར་ཡུག་ཇེ་གཙང་དུ་སོང་།

5.jpg

ཏང་ཡོན་གཞན་པ་དང་སྡེ་མི་གཞན་པས་ཁོ་ཚོའི་བྱ་སྤྱོད་འདི་མཐོང་རྗེས་སེམས་འགུལ་ཐེབས་ནས་མཐུན་ཚོགས་སུ་ཞུགས་ནས་ཁོར་ཡུག་སྲུང་སྐྱོབ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར།  ད་ལྟ་མཐུན་ཚོགས་འདིར་ཚོགས་མི621ཡོད་པས། མཐུན་ཚོགས་ཀྱི་སྟོབས་ཤུགས་ཆེ་རུ་སོང་བ་དང་བསྟུན་ནས་ཁོར་ཡུག་གཙང་སྦྲའི་རྒྱ་ཁྱོན་ཡང་ཆེ་རུ་བསྐྱེད་པ་དང་། གསེར་ཐང་སྡེ་བའི་རྣམ་པར་ཕྱོགས་ཀུན་ནས་འགྱུར་ལྡོག་བྱུང་བཞིན་ཡོད།

6.jpg

བྲེལ་འཚུབ་ཆེ་བའི་ཉིན་གཅིག་མཇུག་རྫོགས་རྗེས། མགོན་པོ་སྐྱབས་ངལ་དུབ་དང་བཅས་ཡུལ་ལ་ལོག ཆུང་མ་དང་བྱིས་པ་གཉིས་སྔ་མོ་ནས་གཉིད་ལ་ཡུར་འདུག་པ་མཐོང་བས་ཁོའི་སེམས་སུ་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས་བྱུང་།

7.jpg

མགོན་པོ་སྐྱབས་ཀྱིས་གསེར་ཐང་སྡེ་བའི་ཏང་ཀྲི་པུ་ཧྲུའུ་ཅི་ཡི་འགན་ཁུར་བའི་ཉིན་ནས་བཟུང་བྱ་བ་ཁོ་ནར་བྲེལ་ནས་ནམ་རྒྱུན་ཡུལ་དུ་ལོག་འཕྱི་བས། ཁྱིམ་གྱི་རྒན་རྒོན་དང་བྱིས་པ་གཉོར་སྐྱོང་གི་འགན་ནི་ཁོའི་ཆུང་མ་སྙིང་མཚོའི་ཕྲག་ཏུ་ལྷུང་ཡོད། དེ་བས། མི་མང་པོ་ཞིག་གིས་མགོན་པོ་སྐྱབས་ལ་ཁྱོད་ཀྱིས་ནམ་ཡང་ཁྱིམ་ཚང་གི་བྱ་བར་ཁ་ཡ་མི་བྱེད་པར་སྡེ་མིའི་སྡོད་ཁང་ལས་པ་དང་གད་སྙིགས་གཙང་སེལ། རང་གི་སྒོར་མོ་བཀོལ་ནས་གཞན་ལ་རོགས་སྐྱོར་བྱས་པའི་དམིགས་ཡུལ་ཅི་ཡིན་ཞེས་དྲིས་པ་ན། མགོན་པོ་སྐྱབས་ན་རེ། སྡེ་མི་ཚོ་སྡོད་ཁང་བཟང་བོ་རུ་འདུག་ཐུབ་པ་དང་། ཁོ་ཚོར་ཁང་པ་རྡིབ་པའི་སེམས་ཁུར་མེད་པར་སེམས་བདེ་མོས་འཚོ་བར་རོལ་ཐུབ་ཚེ་ང་རང་ཅི་འདྲའི་དཀའ་ཡང་འགྱོད་སེམས་ཅི་ཡང་མེད་ཅེས་བརྗོད་བྱུང་།



དཔྱད་བརྗོད། དཔྱད་བརྗོད 0 སྤེལ་ཡོད།